
ལུས་ཕྲ་མཛེས་མའི་གར་སྟབས་ལིང་ལིང་གཡོ། །
རབ་མཛེས་ཞལ་ཁྱིམ་གོར་གོར་ཟླ་བའི་གཟུགས། །
མཆུ་སྒྲོས་བིམ་པ་དམར་བའི་ལང་ཚོ་རྒྱས། །
མཛེས་སྡུག་ཉམས་ཀྱིས་ཕྱུག་པའི་འཇོག་སྒེག་མཁན། །
ལྗགས་མྱུར་ངག་སྒྲོས་ཡངས་པའི་མགྲིན་བཟང་སྙན། །
རྨོངས་མུན་ཡིད་སེམས་གདུང་བའི་ན་ཆུང་གི །
ཐོས་འཛིན་བུ་གའི་གསོས་སྨན་ངག་གི་དཔལ། །
ངག་གི་ལྷ་མོ་གང་དེས་ཤིས་པ་སྩོལ། །
མཁྱེན་རབ་གཞལ་མེད་ནམ་མཁའི་དཀྱིལ་འཁོར་དུ། །
བརྩེ་ཆེན་འོད་དཀར་ཟླ་བའི་ཐིག་ལེ་རྒྱས། །
ཆགས་སྡང་རྨོངས་མུན་ཡིད་ཀྱི་སྨག་རུམ་དཔུང་། །
སྐད་ཅིག་ཙམ་ཡང་སྐྱེ་དབང་མེད་པར་མཛོད། །
ཚངས་སྲས་ཞལ་རས་ཡངས་པའི་ནམ་མཁའི་མཐོངས། །
སྙན་འཇེབས་ངག་རིགས་མང་བའི་སྤྲིན་ཕུང་འཁྲིགས། །
དངོས་གྲུབ་སྦྲང་ཆར་སིལ་སིལ་འཇོ་བ་ཡིས། །
བདག་སོགས་བློ་ཡི་རྨོངས་མུན་སེལ་བར་མཛོད། །
ནང་སེམས་དབྱངས་ལ་བཀུག་པའི་ངག་རིགས་ཀུན། །
སྙན་འཇེབས་ཚིག་གིས་སྤུངས་པའི་གཟུགས་རིས་ངོས། །
དབྱངས་གསལ་བསྟར་ཕྲེང་བརྒྱུས་པའི་སྣང་བརྙན་དེ། །
སྨྱུག་རྩེ་ལག་གིས་བྲིས་པར་རམ་འདེགས་བྱས། །

点赞0
收藏



