
འདུ་བྲལ་གྱི་ལོ་ཟླ་ལགས།
སྙིང་དུ་སྡུག་པ་ཐམས་ཅད་རྐུ་འཁྱེར་མི་གནང་བར་ཞུ།
ལས་བསྐལ་གྱིས་མ་བརྫད་པའི་ཐུགས་འཕྲད་བདེ་སྐྱིད་ཡིན་ན།
ང་གཉིས་ཡང་ཡང་མཇལ་ཞིང་ཡང་ཡང་གྱེས་ན་ཆོག
ཁྱེད་རང་མེད་པའི་དབྱར་ཁ་ནི།
ཆར་ཆུ་ཤིན་ཏུ་མོད་པའི་ཟླ་བདུན་པ་ཞིག་དང་ཇི་འདྲའི་མཚུངས་པ་ལ།
སླར་ཡང་མཇལ་འཕྲད་ཡོད་པའི་སྟོན་ཁ་ཞིག་ཚེས་ན།
སེམས་པའི་ཆར་ཞོད་འཇགས་པའི་མཚན་མོ་དེ་རིང་ལས་རིང་།
དྲང་པོར་བཤད་ན།
ང་གཉིས་མཇལ་དུ་མེད་པའི་དུས་ཚིགས།
སྟོན་ཁ་ཁོ་ནས་ག་ལ་ཚད།
འཁོས་ཞན་པའི་ཕྱི་ཐག་གཉོམ་པོ་འཁྱག་ཤུལ་ནས།
ངས་ཁྱོད་ལ་ཆད་པ་བརྩེ་དུང་རྐྱང་རྐྱང་གི་བུ་ལོན་མིན་ན་བསམ།
རྒྱང་རིང་ལ་འཁྲེང་བའི་ང་ཡི་དུས་གསུམ་གྱི་སེམས་པ།
ངང་སྒུག་ལ་བསྟིམས་ཤིང་དྲན་གདུང་ལ་གཟད་པས།
མི་ཚེའི་བྱ་སྐྱིབས་ཀྱི་ལོ་འདབ་འོག་ན།
ཡིད་གར་འོང་བའི་སྟོན་ཁ་ཅི་ཙམ་ལྷག་ཡོད།
ཁ་དན་གྱི་ལྷུ་རྐང་འཐོར་བའི་རྒྱང་རིང་གི་སྟོན་ཁ་ལགས།
མིག་ཆུའི་རྣ་རྒྱན་སྤྲས་པའི་དུང་སེམས་དེ་མ་བརྗེད།
ཐང་སྟོང་ཡུ་མོ་འདྲ་བའི་སྙིང་སྡུག་དེ་མ་བརྗེད་རོགས།

点赞
收藏



