
བྱ་ཁུ་བྱུག་མ་བཞུགས་ཚང་ལ་བསྙེགས་པས། །
ཡུལ་སྟོང་པའི་ལུང་ནས་སྨྲེང་གཞས་འཐེན་གྱིན། །
སྒྲ་གྲགས་པའི་སྙན་དབྱངས་རྣ་ལ་ཐོས་ཚེ། །
དུས་སྟོན་གྱི་ནམ་ཟླ་ཡིད་ལ་འཆར་བྱུང་། །
གནས་དབེན་བྲག་ནགས་ཀྱི་དགའ་ཚལ་མཛེས་བྱེད། །
བྱ་རི་དྭགས་ཁྱུ་ཆེན་ཚང་ལ་འཕུར་ན། །
རོགས་ཡ་མེད་བདག་གིས་རེ་ཐག་མ་ཆོད། །
མིག་མཆི་མས་བརླན་གྱིན་སྐྱེལ་དགོས་བྱུང་སོང་། །
སྟོང་ནམ་མཁའི་དབྱིངས་སུ་སྙན་ཞིང་རྔམ་པའི། །
སྐད་ལན་སྟོང་བཞད་པའི་གཡུ་འབྲུག་ལྡིར་ན། །
ངའི་སེམས་ཀྱི་རྩ་རླུང་འདར་དུ་ཡོད་ཀྱང་། །
དུས་དེ་ཡང་ཁྱོད་དང་འབྲལ་འདོད་མི་འདུག །
སྟོན་དུས་ཚིགས་གསར་པའི་འགྱུར་བ་བཙན་དུས། །
ས་ནོར་འཛིན་ཡངས་མོར་གསེར་མདོག་མ་ཡག །
རླུང་རྒོད་པོ་ཤུལ་ཤུལ་གནམ་ནས་ལྡང་བས། །
ཤིང་འབྲས་ལྡན་ལོ་མར་རང་དབང་མ་བྱུང་། །
ཡུལ་སྤང་ཐང་མཛེས་པའི་དགའ་ལྡན་ཞིང་དུ། །
མཛེས་མེ་ཏོག་སྣ་ལྔའི་འདབ་མ་གྲོལ་དུས། །
སད་སེར་བའི་དྲག་ཆར་ས་ལ་ལྷུང་བས། །
དབྱར་ལང་ཚོའི་དཔལ་ཡོན་བདུད་ཀྱིས་འཚེ་སོང་། །
གཞི་བདེན་མེད་དོན་དམ་རང་གཤིས་འཐད་ཀྱང་། །
སེམས་ཟབ་མོ་རང་བྱུང་ཡུལ་ལ་ཞེན་ན། །
དུས་མི་རྟག་སྐད་ཅིག་ངང་ཚུལ་བཙན་པས། །
དབྱར་དུས་ཀྱི་སྟོན་མོར་གྱེས་ཕྱག་ཕུལ་སོང་། །

点赞
收藏



