
ས་འཛིན་དཀར་པོ་ཁ་བས་གཡོགས་ཤིང་གཡོ་འགུལ་མེད་པར་བརྟན་ཞིང་ལྷིང་། །
མཛེས་སྡུག་གོ་ལའི་འགྲན་ཟླ་བྲལ་ཞིང་འཛམ་བུའི་གླིང་འདིའི་དབུས་ན་མཐོ། །
སུམ་རྩེན་གནས་ཀྱི་དག་ཞིང་གཉིས་པ་བརྗེད་མེད་དྲན་འཆར་དངོས་ལ་མཛེས། །
གྲང་རེག་ཅན་གྱི་གྲང་ངད་ལྡང་བའི་རྣམ་པ་དག་ནི་ཧ་ཅང་རྒོད། །
ལྷགས་པ་ལྡང་བའི་གྲང་རླུང་དག་ནི་དྭངས་གཙང་མཁའ་དབུགས་གཙང་མ་ཡིན། །
གཡོ་འཕྲུལ་མེད་པའི་ས་འཛིན་དཀར་པོ་བྱང་ཐང་ངོས་སུ་ལྷག་ཏུ་བརྗིད། །
གཟི་བརྗིད་ནོར་འཛིན་ས་ལའི་སྨན་ལྗོངས་མཐོ་ཞིང་རབ་དཀར་གངས་ཀྱིས་བསྐོར། །
གངས་ཀྱིས་བསྐོར་བའི་བྱང་ཐང་ཤར་རྒྱུད་ཨེ་མ་ངོ་མཚར་ཤིན་ཏུ་མཛེས། །
ཁ་བའི་ལྗོངས་འདི་ར་བ་གངས་ཅན་བོད་ཀྱི་གནས་མཆོག་བདེ་ལྡན་ཡིན། །
ལོངས་སྤྱོད་ཆར་འབེབས་ནོར་ལྷ་གཏེར་བདག་ཡོངས་ཀྱི་གངས་ཅན་ཕྱོགས་བཞིས་བསྐོར། །
བསིལ་ལྡན་གཞི་ལ་གྲང་ངད་ལྡང་བའི་ཆུ་ཤེལ་དབང་པོ་མངོན་པར་དཀར། །
དག་པའི་ཞིང་ཁམས་དཀར་གཙང་དྲི་མེད་བདག་གི་ཕ་ཡུལ་གནས་བཟང་ལགས། །
ངུ་སྐད་ཐོག་མའི་ཀི་སྒྲ་སྒྲོག་སའི་ལྷ་ལྡན་ལྗོངས་ཀྱི་བྱང་ཐང་བསྟོད། །
ལྟེ་ཁྲག་འཕོས་སའི་གནས་བཟང་གཉིས་པ་ཨེ་མ་བྱང་གི་ཤར་རྒྱུད་མཛེས། །
གངས་རི་ལྷུན་ཆགས་འཛམ་གླིང་ཡོངས་བསྐོར་བདག་གི་སྐྱེས་སའི་གངས་ལྗོངས་མཛེས།
ཨེ་མ་དགའ་ཞིང་བསྟོད་ཡུལ་མཆོག་གི་ཕ་ཡུལ་ཁྱེད་ལ་ལྷག་པར་བརྩེ། །

点赞
收藏



