
ཆུ་འཛིན་སྤྲིན་དཀར་བརྩེགས་པའི་ཁྲི་འཕང་སྟེང་། །
ཡིད་འཕྲོག་མཛེས་ཉམས་ཕྱུག་པའི་དབྱངས་ཅན་མ། །
སྙན་འཇེབས་གཡུ་ཡི་རྒྱུད་མངས་འགྲོགས་ནས་ནི། །
བདག་ཡིད་མགྲིན་པའི་ཁབ་ཏུ་བྱོན་པར་མཛོད། །
དེ་རིང་ཉམས་དགའི་ཡུལ་གྱི་བཀོད་པ་འབྲི། །
དགའ་སྤྲོའི་ཟློས་གར་འཁྲབ་པའི་སྣང་བརྙན་འབྲི། །
ན་གཞོན་སྣང་བ་དགུང་ལས་མཐོ་ཚུལ་ཀྱི། །
རྩེད་འཇོའི་ལས་ལ་བྲེལ་ཚུལ་ཡང་ཡང་འབྲི། །
སྣང་བ་འཇའ་ཚོན་ཡངས་མོའི་དཀྱིལ་འཁོར་ན། །
འདང་བརྩེའི་མེ་ཏོག་ཐགས་སུ་བཀྲ་ཚུལ་འབྲི། །
རེ་བའི་འོད་སྣང་ཞིག་ལ་རྡོག་གཏད་ཀྱི། །
ལས་མཐུན་གཞོན་ནུའི་འཛུམ་མདངས་བྲིས་པས་ཆོག །
ཚངས་སྲས་བུ་མོའི་བྱིན་རླབས་འཕོས་པའི་བུ། །
ངག་རིག་སྒྱུ་རྩལ་ཞེན་པའི་གཞོན་སྐྱེས་འགས། །
གཞས་ཆུང་སྙན་མོ་མགྲིན་པའི་རྩེ་རུ་དྲངས། །
དགའ་བསུའི་འུར་གྱིས་ས་ཆེན་བཀང་ཚུལ་འབྲི། །
ལུས་ཀྱིས་སྟངས་སྟབས་མངོན་པའི་ན་ཆུང་ཚོས། །
གཞོན་པའི་ལང་ཚོའི་མཛེས་ཉམས་སྟོན་ཚུལ་འབྲི། །
མཚར་གཏམ་སྙན་མོ་སྲིད་པའི་སྒྲུང་རིང་བཞིན། །
ཐོས་འཛིན་ཡུལ་དུ་སིམ་ཚུལ་འདི་ཡང་འབྲི། །
རི་མོའི་ཚོན་མདངས་ལས་བྱུང་ཆུ་སྐྱེས་ཚོགས། །
དྲྭ་བ་དྲྭ་ཕྱེད་ཚུལ་གྱིས་བཀྲམ་པའི་གནས། །
ར་ཡིག་གཉིས་པས་གྱ་གྱུའི་དབྱངས་རྟ་གྱེར། །
དབྱར་གྱི་ཕུན་ཚོགས་རྒྱས་ཚུལ་འདི་ལྟར་འབྲི། །
ཡུལ་ལུང་མི་གཅིག་གནས་ཡུལ་སོ་སོའི་མགྲོན། །
ལས་ཀྱི་ལམ་ཡིག་མཐུན་པའི་ཞི་མཐུན་ཆེད། །
ཉམས་དགའ་དབེན་པའི་ཚལ་ནས་ལྷན་ཅིག་ཏུ། །
མ་བཅོས་འཛུམ་མདངས་ཕྱུག་པ་དགའ་བའི་རྒྱུ། །
རྨི་ལམ་དཀར་དམར་ཞིག་ལ་ཡིད་གཏད་པའི། །
རེ་བའི་འཚོལ་སྙེགས་གཅིག་པའི་སློབ་གྲོགས་དག །
རང་སེམས་དབྱངས་སུ་གྱེར་བཞིན་སྙན་ངག་བྲིས། །
བརྩེ་བའི་གར་སྟབས་འཁྲབ་པ་མཛེས་པའི་རྒྱན། །
རེག་འཇམ་པདྨའི་ཚལ་གྱི་མཛེས་ཉམས་རོལ། །
སྣ་ཚོགས་སྤྲོ་དགའི་དཔལ་ལ་མངོན་པར་སྤྱོད། །
ཤེས་བྱའི་གནས་ལ་སྨོན་པའི་རིགས་མཐུན་ཚོགས། །
དེ་རིང་འདི་ནས་ལྷན་འཛོམས་བྱུང་བས་སྤྲོ། །
སྤྲིན་དཀར་དལ་གྱིས་ལྡང་བ་བསིལ་པའི་ཉམས། །
ཆུ་ཕྲན་ཤག་ཤག་བཞུར་བ་རྣ་བའི་བཅུད། །
མཐོང་སྣང་མཛེས་པས་འཆི་མེད་ཡུལ་འདི་སྐྱིད། །
མངོན་དགའི་ཞིང་ལ་རོལ་བའི་དུས་འདི་སྤྲོ། །
སྦྲང་ཆར་ཟམ་ཟིམ་བབས་པ་བདུད་རྩི་སྟེ། །
ཞི་བའི་བདེ་སྐྱིད་མངོན་པའི་དན་རྟགས་ཡིན། །
འཇའ་ཚོན་གུར་ཁང་ཕུབ་པ་རྟེན་འབྲེལ་ཡིན། །
ཞི་མཐུན་སྤྱི་ཚོགས་འཕེལ་རྒྱས་མྱུར་བའི་རྟགས། །
འདི་ནས་ལས་དབང་ཞིག་གི་དབུ་ཁྱུད་བྲིས། །
འདི་རུ་གཏམ་རྒྱུད་ཅིག་གི་བརྗོད་དོན་ལྷག །
མཉམ་འཛོམས་རིགས་མཐུན་གཞོན་ནུའི་ཁྱུ་ཚོགས་ལ། །
བྲལ་མེད་སྨོན་འདུན་དཀར་པོའི་ཕྱག་རྟགས་ཕུལ། །
དབྱངས་ཀྱི་སྨོན་འདུན་བྲིས་པ་མེ་ཏོག་ཡིན། །
མགུར་མའི་དབྱངས་འགྲོས་བྲིས་པ་སེམས་པ་ཡིན། །
སེམས་ཀྱི་འདང་བརྩེ་མཚོན་པའི་གྲོགས་མཆོག་ལ། །
ལྷན་འཛོམས་སྤྲོ་སེམས་འདི་ཡང་དབྱངས་སུ་བརྒྱུས། །

点赞
收藏



