
ཡངས་པའི་མཁའ་ལམ་དབུས་སུ། །
ཆུ་འཛིན་གྲོལ་བའི་གསེབ་ནས། །
ཁེར་རྐྱང་བཅོ་ལྔའི་ཟླ་བའི། །
ཟུར་མིག་འོད་ཀྱི་དཀར་མདའ། །
སྒེའུ་ཁུང་ནང་ནས་འཛུལ་བྱུང་། །
འུར་ཟིང་རྒྱུ་སྐར་ཁྲོད་ནས། །
རྩེད་རོགས་མེད་པ་རེད་དམ། །
ཡང་ན་ཁེར་རྐྱང་བགྲོད་དུས། །
སེམས་དེ་སུན་པ་མིན་ན། །
ལྐོག་བལྟ་བྱེད་དོན་ཅི་ཡིན། །
དེ་དག་གང་ཡང་མིན་ན། །
ཡིད་འོང་ཟླ་བ་ལྷ་མོས། །
བརྩེ་བས་བདག་ལ་གཟིགས་ཏེ། །
མ་ལུས་མཆོག་གི་དངོས་གྲུབ། །
ཅི་དགར་གནང་བ་ཡིན་ནམ། །
དེ་མིན་མཚན་གུང་འདི་ལ། །
བདག་ཀྱང་མཚན་གཉིད་མི་ཁུག །
གནས་ཚུལ་ཟླ་བས་རྟོགས་ནས། །
དཀར་གསལ་བཅོ་ལྔའི་ཟླ་བ། །
སྙིང་གཏམ་གསུང་བར་ཕེབས་སམ། །
གཞན་ཡུལ་རྒྱང་རིང་མཛའ་མོའི། །
དུང་སེམས་ཟླ་བར་བརྫུས་ཏེ། །
རི་ཆུ་སྟོང་ཕྲག་བརྒལ་ནས། །
མཚན་ལྗོངས་ཁོ་བོའི་རུམ་དུ། །
ག་ལེར་འཛུལ་བ་རེད་དམ། །
མདོར་ན་མཚན་གུང་ཟླ་བའི། །
བསམ་ཚུལ་རྟོགས་ཐབས་མེད་ཀྱང་། །
གནམ་ས་གཉིས་ཀྱི་བར་ནས། །
དམ་ཚིག་འོད་ཀྱིས་མཐུད་དེ། །
ཕན་ཚུན་དྲན་གདུང་གླེང་ཡོད། །
འགྲོ་རོགས་སྨིན་དྲུག་ཁྲ་མོར། །
གསང་གཏམ་ཡེ་ནས་མ་བཤད། །
ལེ་དབར་ཁྲི་ཡིས་ཆོད་ཀྱང་། །
ངལ་བའི་གདུང་བ་ཁུར་བཞིན། །
སྙིང་གཏམ་ང་ལ་བཤད་བྱུང་། །

点赞
收藏



